མགོན་པོའི་ཞུ་འཕྲིན།

སྤྱི་ཚོགས་ཀྱི་དཔལ་ཡོན་དང་མིའི་རིགས་ཀྱི་དགོས་མཁོ་སོགས་གང་ལ་གཞིགས་ནའང་ཤེས་ཡོན་འདི་ནོར་དང་འདྲ་བར་ཐུན་མོང་གི་གསོག་སྒྲུབ་བམ་དོན་གཉེར་གྱི་གཞི་མ་ཡིན་ལ། མ་གཞི་མི་ཚེའང་ལད་མོ་བྱས་འདྲའི་བློ་སྦྱོང་གི་ཐོག་ནས་འགོ་བརྩམས་པས་ན་གནའ་ནས་དུས་ད་རག་ད་ལྟའང་མི་རྣམས་ལྷན་སྐྱེས་ཀྱི་ཤེས་ཡོན་ལ་དགའ་བའང་གནད་ཀ་དེའི་སྟེང་ན་ཡོད་ལས་ཆེ། དེས་ན་ཤེས་རིག་གི་བྱ་བཞག་འདི་ང་ཚོ་སུ་ལའང་དབང་ཆོག་པའི་ཐུན་མོང་གི་དོན་བྱེད་ནུས་ལྡན་ཞིག་ཡིན་པའི་ཆ་ནས་ཁོ་བོས་ཀྱང་རིང་ནས་དུས་ད་ལྟ་བར་ཏུ་སློབ་སྦྱོང་བྱས་པ་ཡིན་ལ། སྒྲིག་ཞུགས་དང་སྒྲིག་ཞུགས་མ་ཡིན་པའི་སྐབས་ཀྱི་སློབ་སྦྱོང་དང་ལས་འཚམས་སོགས་གནས་སྐབས་རིང་བསྐྱུར་(ལས་གཞིའི་ཆེད་དུ་)ཟིན་ནའང། དཔེ་ཆ་ཉོ་བ་དང་། དཔེ་ཐོ་ཉར་གསོག ནན་ཏན་སྒོས་དཔེ་ཀློག་ལ་གོམས་པའི་གཤིས་ཀ་དེ་རྒྱུན་བསྐྱོངས་བྱས་པ་ཡིན།

འོ་རེད། ཤེས་ཡོན་བརྒྱུད་རིམ་གྱིས་ཁྲོད་ནས་གཙོ་ཆེར་ལོ་རྒྱུས་དང་དེའི་མཚད་ཉིད་རིག་པའི་སྐོར་ནས་སྦྱང་བ་ཡིན་ལ། ཁྱད་པར་ཏུ་༸གོང་ས་མཆོག་གི་གསུང་རྩོམ་དང་འབྲེལ་བའི་ལས་དོན་ <༸རྒྱལ་བའི་གསུང་རྩོམ་འགྲེམས་སྟོན> དེའི་ཐད་ནས་རང་ཉིད་ལ་འཚོ་བའི་མྱོང་བ་ཟེར་ན་འདྲ། ཤེས་ཡོན་ལ་འཇུག་པའི་རིན་ཐང་གི་ལྟ་ཚུལ་གསར་རྙེད་ཞིག་བྱུང་།

ཉིན་རེའི་དྲན་ཚུལ་ལ་རྗེས་འདེད་བཞིན་འཆར་ཟིན་ལ་འཐམས་ནས་སུ་དང་གང་ལའང་ཕན་ཏུ་རེ་བའི་ཤེས་ཡོན་སྦྱོར་སྤྲོད་ཀྱི་ལས་གཞི་ཤིག་གསར་ཏུ་བརྩམས་པ་ནི་ད་ལྟའི་མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་འདི་ཡིན། འདི་ནི་ལོ་མང་རིང་ནས་བསྒྲུབ་འདོད་པ་དང་། རང་གི་འཆར་ཟིན་ཏུ་ཡོད་པ། ཡང་རང་གི་ཚོད་ཀྱི་གྲྭ་སྒྲིག་དང་། འཆར་གཞི ཡང་ན་བློས་གཏོང་སོགས་གང་མང་བྱས་ནས་འགྲུབ་པ་ཞིག་ཡིན། དཔེ་མཛོད་ཁང་གི་བྱ་བའི་འགོ་འཇུག་གང་དུའང་རང་ཁོ་ནའི་ནུས་པར་བརྟེན་ནས་འགྲུབ་ཕྱིར་རྗེས་ཀྱི་ལས་དོན་ནང་གི་དེའི་བྱེད་སྒོའི་ཁྱབ་རྒྱ་ལའང་ཚད་བཀག་ཡོད་ལོས་སྙམ།

མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་གསར་འཛུགས་ཀྱིས་ལས་གཞི་དངོས་ནི་ཕྱི་ལོ་༢༠༢༠་ལོའི་ནང་ནས་ལས་འགོ་བཟུང་བ་ཡིན་མོད། འོན་ཀྱང་དེའི་ཐད་ཀྱི་བསམ་བློའི་ཆ་འདྲ་བ་ནི་ཕྱི་ལོ་༢༠༡༣་ལོ་ནས་ཡོད་བསྡད་པ་ཞིག་ཡིན་ཏེ། ༸གོང་ས་མཆོག་གི་གསུང་རྩོམ་དང་འབྲེལ་ནས་མ་འོངས་ལོ་བཅུའི་ནང་རྒྱལ་སྤྱིའི་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་ཞིག་འཛུགས་བསྐྲུན་བྱ་རྒྱུ་ཞེས་སྐབས་དེར་རང་ཉིད་ནས་ཁས་བླབས་མྱོང་བ་དེ་ཡིན།

འདས་པའི་ལོ་ངོ་གཉིས་ལྷག་གིས་རིང་འབད་བརྩོན་གྱིས་ད་ནི་མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་དངོས་སུ་འགྲུབ་པ་ཡིན་ལ་ཐོག་མའི་འཆར་ཟིན་བཞིན་དུ་རེ་བ་ལའང་སྒྲིག་ཞུགས་མ་ཡིན་པའི་ངོ་བོར་སྤྱི་ཚོགས་ཀྱི་མི་སུ་ལའང་དཔེ་ཀློག་གི་གོམས་གཤིས་རྒྱུན་འཇགས་དང་། ཤེས་ཡོན་གྱི་རིན་ཐང་མཐོར་འདེགས་སུ་དམིགས་ནས་ཡོད། ལག་ལེན་ནི་ལས་དོན་གང་ལའང་ཐོག་མར་མི་རང་ཉིད་ནས་འགོ་བཟུང་བའི་ཐོག་ནས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་བྱ་བར་བརྒྱུད་སྐུལ་དང་། བྱ་ཐབས་ནི་དཔེ་མཛོད་ཁང་གི་ངོ་བོར་དུས་རབས་རིམ་བྱུང་གི་ལོ་རྒྱུས་དཔེ་ཆ་དག་དཔེར་ན། མི་སྒེར་རམ་ས་ཁུལ་བྱེ་བྲག་པའི་ལོ་རྒྱུས་ནས་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་ཡིག་ཚགས་ཁག་དང་། བོད་དང་འབྲེལ་བའི་ཧི་མ་ལ་ཡའི་ལོ་རྒྱུས་ནས་འཛམ་གླིང་སྤྱིའི་ལོ་རྒྱུས་ཀྱི་སྐོར་ནས་འཆད་ཉན་བྱེད་སའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་དམིགས་ནས་ཡོད།

མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་འདི་ནི་ཕྱོགས་གཅིག་ནས་རང་གི་ཆེད་སྦྱོང་དང་། གཉིས་སུ་ནི་ལོ་རྒྱུས་རིགས་ཚན་གྱི་གལ་གནད་རིན་ཐང་གི་ཆ། གསུམ་ནས་ཤེས་རིག་གི་ངོ་བོར་ངོས་འཛིན་གྱིས་བཙུགས་པ་ཞིག་ལས་ཚོང་ཁེ་ལ་འབྲེལ་བ་མེད་མོད། འོན་ཀྱང་དཔེ་མཛོད་ཀྱི་ཆེ་མཐོང་དང་རྗེས་ཀྱི་ལས་དོན་རྣམས་ཅི་བསམ་ལྟར་འགྲུབ་ཕྱིར་རམ་རྒྱུན་བསྲིངས་ཕྱིར།

རང་ཁ་རང་གསོའི་ངལ་བ་ཆུང་ཙག་རེ་དཔེར་ན་དཔེ་མཛོད་ཀྱི་ཐབ་ཚང་དང་།དཔེ་མཛོད་ཀྱི་ཚོགས་མིའི་ཐོ་འགོད་ཡོང་འབབ། གཞན་ཡང་སྐབས་བསྟུན་དབྱར་དགུན་གྱི་ཟུར་ཚོགས་འཛིན་གྲྭའི་སློབ་ཡོན་ཉུང་ངུ་ལ་བསྟེན་ནས་མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་གི་ལས་དོན་རྣམས་སྤེལ་འཆར་ཡོད།

མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་འདིའི་རིན་ཐང་གི་ལྟ་ཚུལ་ཐད་ནས་ལས་དོན་གྱི་རྣམ་པ་གསར་དུ་ཐོན་པ་ཞིག་ཆགས་ངེས་ཏེ། དེའང་ཕྱོགས་གཅིག་ནས་༸གོང་ས་༸རྒྱལ་བ་རིན་པོ་ཆེས་བཞུགས་གནས་དང་། བཙན་བྱོལ་བོད་མིའི་སྒྲིག་གཙོའི་བསྟི་གནས། གཞན་ཡང་བོད་མི་འདུས་སྡོད་ཀྱི་ས་ཁུལ་གང་ཞིག་ལ་ཡུལ་སྐོར་བ་མང་པོའི་འགྲོ་འོང་གི་ས་གནས་མེག་ལོར་འདིར། མི་མང་རང་བཞིན་གྱི་དཔེ་ཀློག་རྒྱག་སའི་རང་དབང་གི་ཁོར་ཡུག་ཞིག་

དགོས་ངེས་ཡིན་པ་དེའི་སྟོང་ཆ་སེལ་ཐུབ་པ། གཉིས་ནས་དཔེ་མཛོད་ཁང་འདི་བརྒྱུད་དཔེ་ཀློག་གི་གོམས་གཤིས་དང་། དོན་དམ་ཤེས་ཡོན་གྱི་རིན་ཐང་མཐོར་འདེགས་སུ་གཏོང་ཐུབ་པའི་དགེ་མཚན་མཆིས་པ། རང་ཉིད་ཀྱི་ཆེད་སྦྱོང་བརྒྱུད་ལོ་རྒྱུས་སྤྱི་དང་ལྷག་དོན་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་ཆ་རྣམས་(མང་ཆེ་བ་དབྱིན་སྐད་ནང་མཆིས་པ)་བསྡུ་རུབ་ཀྱི་ཕྱོགས་གཅིག་ཏུ་ཉར་ཚགས་དང་། དེར་བརྟེན་ནས་ཕྱི་ནང་གི་དོན་གཉེར་ཅན་ཚོར་སྟབས་བདེར་འཇུག་བདེ་དང་། གོ་སྐབས་བྱུང་ན་ཞིབ་འཇུག་གི་བྱ་བར་རྔོ་རེ་ཨེ་ཐོག་བསམ་པའི་ཐོག་མའི་ཀུན་སློང་ལ་ཞིབ་འཇུག་གི་ཚོད་ལྟ་བྱེད་ཐུབ་པ་བཅས་ཀྱི། མདོར་ན་སུ་དང་གང་ལའང་ཕན་ཏུ་རེ་བའི་ལས་དོན་གྱི་དགོས་དམིགས་སམ་རིན་ཐང་ཡང་རྒྱ་ཁྱབ་ཏུ་གོང་འཁོད་གོ་རྟོགས་ཁག་འཕེལ་ངེས་ཀྱི་སྟེང་ན་ཡོད་སྙམ་མོ།

ངོས་འཛིན་གྱི་ཞུ་འཕྲིན། Others’ messages


updated 1 December 2022